པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 84-85
84༽སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་བའི་ལེའུ།
85༽བོད་དུ་གསུང་རབ་དམ་ཆོས་དག་ཐེར་བཏོན་པའི་ལེའུ།
པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།
༨༤། སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་བ།
དེ་ནས་བསམ་ཡས་དབུ་རྩེའི་བར་ཁང་དུ༔ ལོ་པཎ་སྤྱན་དྲངས་ཆོས་བསྒྱུར་ཞུ་བ་ཕུལ༔ སློབ་དཔོན་པདྨའི་སྐུ་ལ་མངལ་དྲིས་དབེན༔ པད་སྡོང་སྐུ་འཁྲུངས་སྐྱེ་ཤི་གཉིས་མི་མངའ༔ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་མནན༔ ཆོས་མིང་སྨོས་པ་ཙམ་གྱིས་དོན་རྣམས་མཁྱེན༔ མདོ་སྔགས་ཆོས་སོ་ཅོག་ལ་མ་རྨོངས་ཤིང་༔ ཁྱད་པར་གསང་སྔགས་ནང་པའི་བདག་པོ་ཡིན༔ བོད་དུ་གདན་འདྲོངས་ས་བཏུལ་སྐུ་དྲིན་ཆེ༔ སེང་ཁྲི་སུམ་བརྩེགས་གདན་ལ་བཞུགས་སུ་གསོལ༔ པཎ་ཆེན་བི་མ་མི་ཏྲ་བཀའ་རྒྱ་མཚོ༔ སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་ནང་སོགས༔ ཆོས་རྣམས་ཐུགས་མངའ་མི་བརྗེད་གཟུངས་ཐོབ་ཡིན༔ བོ་དྷི་ས་ཏྭ་བསྟན་པའི་གཞི་མ་སྟེ༔ དགེ་འདུན་མེད་ན་སངས་རྒྱས་བསྟན་པ་མེད༔ དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས༔ སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་པ་མཁས༔ གཡས་གཡོན་གཉིས་སུ་སེང་ཁྲི་གཉིས་བརྩེགས་ནས༔ གཡས་སུ་བི་མ་གཡོན་དུ་བོ་དྷི་བཞུགས༔ པཎ་ཆེན་གཞན་རྣམས་སེང་ཁྲི་རེ་རེ་བཞུགས༔ བཻ་རོ་ཙ་ནར་གབ་རྩེ་ཉིས་བརྩེགས་བཏིངས༔ ལོ་ཙཱ་གཞན་རྣམས་གབ་རྩེ་རེ་ལ་བཞུགས༔ རྒྱལ་པོས་གསེར་གྱི་མཎྜལ་རེ་རེ་ཕུལ༔ རྒྱ་ནག་ཇ་དང་བལ་པོའི་གོ་ལ་དང་༔ བོད་ཀྱི་འབྲུ་ཆང་རྒྱ་གར་འབྲས་ཆང་དང་༔ འཇིག་རྟེན་ཟས་སྣ་མང་པོ་ཀུན་བསགས་ནས༔ གང་ལ་གང་བཞེད་དྲངས་ནས་བསྐོར་ཕྱག་བཙལ༔ ཨེ་མ་ཧོ༔ ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དཔལ༔ ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་དང་༔ ཁ་ཆེའི་པཎ་ཆེན་བི་མ་ལ་མི་ཏྲ༔ དབུ་ཡི་མཆོད་གནས་ལོ་པཎ་བརྒྱ་རྩ་བརྒྱད༔ བདག་ནི་ཆོས་སྐྱོང་རྒྱལ་པོར་ཁས་འཆེ་བས༔ རྒྱ་གར་ཡུལ་ན་བཞུགས་པ་དམ་པའི་ཆོས༔ བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་རྣམས༔ གཅིག་ཀྱང་མ་ལུས་བོད་དུ་བསྒྱུར་དུ་གསོལ༔ གུས་ལྡན་ཞེ་སར་བཅས་པས་བཀའ་ནན་ཞུས༔ དེ་ནས་ལོ་པཎ་ཁྲིམས་ཁང་གླིང་དུ་བྱོན༔ རྒྱལ་པོས་མོན་ལ་ཤོག་བུ་སྡུད་དུ་བཏང་༔ འབངས་རྣམས་རྒྱ་ནག་ཙནྡན་ཤིང་འདྲེན་བཅུག༔ མངའ་འོག་ཀུན་ལ་ཟངས་ལྕགས་ཀོ་བ་བསྡུས༔ ཡིག་མཁན་ཤིང་བཟོ་མགར་བ་མཉེད་མཁན་བཀོལ༔ ཐམས་ཅད་དུས་གང་གཅིག་ལ་ཟིན་པ་བྱས༔ ལོ་པཎ་དབུ་རྩེ་རིགས་གསུམ་ལྷོ་ནུབ་མཚམས༔ སྒྲ་བསྒྱུར་གླིང་དུ་སྒྲ་རྣམས་ཐམས་ཅད་བསྒྱུར༔ རྒྱ་གར་མཁན་པོ་དཱ་ན་ཤཱི་ལ་དང་༔ ཛི་ན་མི་ཏྲ་ཤཱི་ལེནྡྲ་བོ་དྷི༔ པྲ་ཝརྟ་དང་དྷརྨཱ་ཤཱི་ལ་དང་༔ སུ་རེནྡྲ་དང་དྷརྨཱ་ཤྲཱི་དང་༔ ཤཱཀྱ་ཤྲཱི་དང་ས་མནྟ་ཤྲཱི༔ ཤྲཱི་བ་ལེ་དྷར་བཅུ་ཡིས་མ་མོ་བྱས༔ ལོ་ཙཱ་ཞང་གི་བནྡེ་ཡེ་ཤེས་སྡེ༔ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན༔ གཡུ་སྒྲ་སྙིང་པོ་དཀོན་མཆོག་འབྱུང་གནས་དང་༔ རཀྵི་ཏ་དང་ཤཱཀྱ་པྲ་བྷ་བ༔ ལྷ་ལུང་དཔལ་རྡོར་མཻ་ཏྲི་ཤྲཱི་བྷ་དྲ༔ ལོ་ཀཱི་ཆུང་དང་བཅུ་ཡིས་སྤྲུ་གུ་བྱས༔ ལོ་པཎ་ཉི་ཤུས་བཀའ་འཁོར་རིམ་གསུམ་བསྒྱུར༔ དང་པོ་དྲང་དོན་བསྟན་པའི་མདོ་བཅུ་བསྒྱུར༔ བར་པ་ངེས་དོན་ཡུམ་སྲས་བཅུ་བདུན་བསྒྱུར༔ ཕ་རོལ་ཕྱིན་པ་མངོན་པར་རྟོགས་པ་བརྒྱད༔ དོན་ཚན་བདུན་ཅུ་ལམ་ལྔ་ས་བཅུ་དང་༔ འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱིས་གཞུང་རྣམས་བསྡུས༔ འཁོར་ལོ་ཐ་མ་ལངྐར་གཤེགས་པ་དང་༔ ཕལ་ཆེན་དཀོན་བརྩེགས་དགོངས་པ་ངེས་འགྲེལ་དང་༔ ལྷ་མོ་དཔལ་ཕྲེང་སེང་གེ་སྒྲ་སོགས་བསྒྱུར༔ མངོན་པ་གོང་འོག་གསུམ་ཀའི་བཀའ་ཆད་དེ༔ རྒྱ་གར་ན་མེད་བོད་དུའང་མ་འགྱུར་རོ༔ བསོད་སྐྱབས་བདུད་རྩི་ལྔ་པ་ཡེ་ཤེས་སྡེ༔ རྣམ་གཟིགས་ཆོས་ཀྱི་མེ་ལོང་ཀླུའི་རྒྱལ་མཚན༔ འོད་སྲུངས་སྟོང་པ་རབ་འབྱེད་ཡེ་ཤེས་སྡེས༔ བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར༔ བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར༔ བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར༔ མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས༔ སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས༔ བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས༔ རྩིས་བསྒྱུར་ནང་དུ་ཨིནྡྲ་བཻ་རོ་བྲིས༔ སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག༔ མདོ་ཆོས་དགོངས་འགྲེལ་དང་བཅས་ཕལ་ཆེར་བསྒྱུར༔ བོ་དྷི་ས་ཏྭ་སྦ་ལོ་ཁྲི་གཞེར་དང་༔ སྦ་ལོ་ཡེ་ཤེས་དབང་པོ་སྦ་རཏྣ༔ སྦ་མི་ཡེ་ཤེས་འཇམ་དབྱངས་སྦས་ཐིར་ལེན༔ ལོ་པཎ་མཆན་བུ་རྣམས་ཀྱིས་བསྒྱུར་བ་ལ༔ འདུལ་བ་ལུང་གཞི་དང་ནི་ལུང་རྣམ་འབྱེད༔ ལུང་གཞུང་བླ་མ་དང་ནི་ལུང་ཕྲན་ཚེགས༔ དེ་ལྟར་འདུལ་བའི་ལུང་ཆེན་སྡེ་བཞི་བསྒྱུར༔ ལུང་གཞིའི་སྟོད་ཆ་རབ་བྱུང་གནས་མལ་གཞི༔ གཞི་སྨད་གསོ་སྦྱོང་གཞི་སོགས་བཅུ་བདུན་སྟོན༔ རྣམས་འབྱེད་དགེ་སློང་ཕ་མའི་ཁྲིམས་རྣམས་སྟོན༔ བླ་མས་གཞི་དང་རྣམ་འབྱེད་ཞིབ་ཏུ་འཆད༔ ཕྲན་ཚེགས་ཀུན་གྱི་མ་ཚང་ཁ་སྐོངས་ཡིན༔ རྩ་བའི་ལུང་ལས་དགེ་སློང་སོ་ཐར་དང་༔ དགེ་སློབ་མ་ཡི་སོ་སོར་ཐར་པ་དང་༔ གཞན་ཡང་ལས་ཆོག་ཀརྨ་ཤ་ཏམ་དང་༔ ལག་ལེན་མདོ་རྩ་ཚིགས་བཅད་ཀཱ་རི་ཀ༔ དགེ་ཚུལ་བྱ་བའི་ལས་དང་ལོ་དྲི་བ༔ དེ་རྣམས་འགྲེལ་བཤད་ལག་ལེན་དང་བཅས་པ༔ ལོ་པཎ་དགུ་ཡིས་བསྒྱུར་ཅིང་གཏན་ལ་ཕབ༔ སྦ་བྱེད་འདི་རྣམས་གསང་སྔགས་ལ་མི་མོས༔ སློབ་དཔོན་པདྨའི་སྐུ་ལ་སྐྱོན་མང་བརྗོད༔ སྦ་བྱེད་དྲིལ་བའི་ཚིག་འཁྱམ་མང་དུ་བརྩམས༔ འདུལ་བ་མིན་པ་གཞན་ལ་དག་མི་སྟེར༔ ཨུ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་༔ སྒྲ་རིགས་མི་འདྲ་ཉེར་གཅིག་ཤེས་པ་ཡི༔ ལོ་ཙ་མཁས་པ་བཻ་རོ་ཙ་ན་ཡིས༔ གསང་སྔགས་ནང་རྒྱུད་འབྲས་བུའི་མདོ་བདུན་བསྒྱུར༔ དེ་ཡང་སྐུ་ལྔ་མི་འབྱེད་པ་ཡི་མདོ༔ གསུང་ལྔ་བྱེ་བྲག་མ་འདྲེས་པ་ཡི་མདོ༔ ཐུགས་ལྔ་ཡེ་ཤེས་དག་པ་སྒོ་ལྔའི་མདོ༔ ཡོན་ཏན་རྣམ་ལྔ་གོལ་ས་བཅད་པའི་མདོ༔ འཕྲིན་ལས་ལྔ་ཡི་རྣམ་གྲངས་ངེས་པའི་མདོ༔ ཁྲིམས་གསུམ་རྩ་བ་རབ་ཏུ་བརྟན་པའི་མདོ༔ ལས་བྱེད་ལས་ལ་བཀོལ་བའི་མདོ་བདུན་བསྒྱུར༔ གསང་སྔགས་རྒྱལ་པོ་བཀའ་འདུས་སྤྱི་རྒྱུད་བཅུ༔ སྒོས་རྒྱུད་ཉེར་གཅིག་གདམས་པར་བཅས་པ་བསྒྱུར༔ བདེ་གཤེགས་འདུས་པའི་རྩ་བའི་སྤྱི་རྒྱུད་ལྔ༔ སྒོས་རྒྱུད་བཅུ་དང་ལུང་ཆེན་ལྔ་སོགས་བསྒྱུར༔ བླ་མེད་དོན་རྫོགས་རྒྱུད་འགྲེལ་མན་ངག་བསྒྱུར༔ སྙིང་ཐིག་གསང་བའི་རྒྱུད་ཆེན་ཉི་ཤུ་བསྒྱུར༔ ཁ་ཆེའི་པཎ་ཆེན་བི་མ་མི་ཏྲ་དང་༔ ལོ་ཙཱ་གཉགས་ཆེན་ཛྙཱ་ན་ཀུ་མཱ་རས༔ རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དང་༔ ཡང་ཕུར་མ་གཤིན་རྒྱུད་འགྲེལ་བཅས་པ་དང་༔ སེམས་སྡེ་ཀློང་སྡེ་མན་ངག་སྙིང་ཐིག་བསྒྱུར༔ སངས་རྒྱས་གསང་བ་བཻ་རོ་ཙ་ན་ཡིས༔ སྒྱུ་འཕྲུལ་སྡེ་བརྒྱད་རྡོར་དབྱིངས་དགོངས་འདུས་དང་༔ ཨ་ནུའི་མདོ་བཞི་དེམས་ལྔ་ལ་སོགས་བསྒྱུར༔ པཎ་ཆེན་ས་མནྟ་ཤྲཱི་ཤཱཀྱ་ཤྲཱི༔ དྷརྨཱ་ཤྲཱི་དང་ལོ་ཙཱ་སྐ་ཅོག་གཉིས༔ ཡོན་ཏན་སྙིང་པོ་ལེགས་སྦྱིན་ཉི་མ་དང་༔ ཀླུའི་དབང་ཆོས་ཀྱིལྷུན་པོ་ལ་སོགས་པས༔ ལུས་སྤྱོད་གཙོ་བོར་སྟོན་པ་བྱ་བའི་རྒྱུད༔ ངག་སྤྱོད་གཙོ་བོར་སྟོན་པ་སྤྱོད་པའི་རྒྱུད༔ སེམས་སྤྱོད་གཙོ་བོར་སྟོན་པ་རྣལ་འབྱོར་རྒྱུད༔ གསུམ་ཀ་གཙོ་བོར་སྟོན་པ་བླ་མེད་རྒྱུད༔ ཕ་རྒྱུད་སྡེ་གསུམ་མ་རྒྱུད་སྡེ་ལྔ་བསྒྱུར༔ རྒྱ་ནག་ཧྭ་ཤང་མ་ཧཱ་སཱུ་ཏྲ་དང་༔ རྒྱ་ནག་མཁས་པ་སཾ་ཤི་ལ་སོགས་དང་༔ རྨ་བན་རིན་ཆེན་མཆོག་སོགས་ལོ་ཙཱ་ལྔས༔ སྤང་སྐོང་ཕྱག་བརྒྱ་མདོ་སྡེ་རྒྱ་ནག་མ༔ འདས་པ་པོད་གཅིག་ཕལ་ཆེན་རྒྱ་ནག་མ༔ གསེར་འོད་དམ་པ་བདུད་ལས་རྣམ་རྒྱལ་དང་༔ སྲི་གཟུངས་སྒྲོལ་མ་ལ་སོགས་མང་དུ་བསྒྱུར༔ དཱ་ན་ཤཱི་ལ་དྷརྨཱ་ཀཱིརྟྟི་དང་༔ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན༔ ཀླུ་དབང་སྲུང་བ་ཡེ་ཤེས་སྡེ་སོགས་ཀྱིས༔ འཇམ་དཔལ་རྩ་བའིརྒྱུད་དང་རྣོན་པོ་དང་༔ མཚན་ཡང་དག་པར་བརྗོད་པ་གླུར་བླངས་རྒྱུད༔ སྤྱན་རས་གཟིགས་ཀྱི་རྩ་རྒྱུད་པདྨའི་དྲ༔ བཤད་རྒྱུད་དོན་ཡོད་ཞགས་པ་ལ་སོགས་དང་༔ ཕྱག་ན་རྡོ་རྗེ་འཁོར་ཆེན་རྒྱུད་སོགས་དང་༔ སྒྲོལ་མའི་རྒྱུད་ལ་སོགས་པ་མང་དུ་བསྒྱུར༔ ཁ་ཆེའི་སློབ་དཔོན་ཛི་ན་མི་ཏྲ་དང་༔ དཱ་ན་ཤཱི་ལ་སུ་རེནྡྲ་བོ་དྷི༔ འབྲུ་ཤའི་བྲམ་ཟེ་ཆེན་པོ་ཨཱ་ནནྡ༔ ལོ་ཙཱ་སྐ་ཅོག་ཞང་གསུམ་ལ་སོགས་པས༔ ཐེག་པ་ཆེན་པོའི་མདོ་སྡེ་ཕར་ཆེར་དང་༔ མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་དང་༔ གསང་བ་ཆེན་པོ་བརྟག་སྣ་ལ་སོགས་པ༔ ཁ་ཆེའི་འགྱུར་དང་འབྲུ་ཤའི་འགྱུར་མང་བསྒྱུར༔ བལ་པོའི་པཎ་ཆེན་ཤཱི་ལ་མཉྫུ་དང་༔ བལ་པོ་བ་སུ་དྷ་ར་ལ་སོགས་དང་༔ ལོ་ཙཱ་བསྒྲགས་པ་སངས་རྒྱས་ཡེ་ཤེས་ཀྱིས༔ འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད༔ དས་ཆད་ནག་པོ་སྲས་དགུ་ཁ་ཐུན་སོགས༔ མ་གཤིན་ཕྲ་མེན་དྲག་སྔགས་མང་དུ་བསྒྱུར༔ དེ་ཡི་དུས་ན་རྒྱལ་པོ་བསྙུང་གིས་ཟིན༔ ཕན་ཐབས་ཇི་ལྟར་བྱས་ཀྱང་མ་དངས་པར༔ ཀག་བསྐོར་མོ་དང་ཕྱྭ་རྩིས་པྲ་ཕབ་པས༔ སློབ་དཔོན་ནམ་མཁའི་སྙིང་པོ་སྤྱན་དྲངས་ནས༔ བྱིན་བརླབས་བྱས་ན་ཕན་པར་འགྱུར་ཞེས་ཟེར༔ ཨཱ་ཙར་ཡེ་ཤེས་དབྱངས་དང་གསལ་མཆོག་དབྱངས༔ དགེ་སློང་ནམ་མཁའི་སྙིང་པོ་སྤྱན་འདྲེན་བཏང་༔ ཁྱེད་རང་གཉིས་པོ་སྔོན་ལ་སོང་ཞིག་གསུངས༔ བང་ཆེན་མ་སླེབས་སློབ་དཔོན་བསམ་ཡས་བྱོན༔ སློབ་དཔོན་རྗེ་ལ་བསྙུང་ངམ་གསུངས་པ་ཡིས༔ ན་དང་ན་སྟེ་ཤི་ལ་ཐུག་ལ་ཁད༔ དགེ་སློང་ཕན་པའི་ཐབས་འདྲ་བདོག་གམ་གསུངས༔ བདོག་གོ་གསུངས་པས་ཡས་སྟགས་ཅི་འཚལ་ལགས༔ ཅི་ཡང་མི་འཚལ་གསོལ་ཐང་གང་དང་གང་༔ ང་ལ་ཚོགས་སུ་དྲོངས་ཤིག་གསུང་པས་དྲངས༔ སློབ་དཔོན་བཟའ་ཚོགས་བཏུང་བའི་རྣལ་འབྱོར་མཛད༔ མགོ་གསོལ་ཙམ་ན་བསྙུན་རྨེད་མཛད་པ་ལས༔ ད་ཅི་བས་ནི་ཅུང་ཟད་བདེའོ་གསུངས༔ སུམ་ཆ་གསོལ་ནས་ཡང་ནི་བསྙུན་རྨེད་པས༔ ཨེན་ཙམ་བདེ་བས་ལུས་པོ་ཡང་འདུག་གསུངས༔ རྒྱལ་པོའི་སྐུ་ཡི་དམ་ཚིག་ཉམས་པ་བསྐངས༔ སུམ་གཉིས་གསོལ་ནས་བསྙུན་རྨེད་མཛད་པས་ཡིས༔ སྦྲིད་པ་གསུམ་བསྟུད་ད་ནི་བདེར་སོང་གསུང་༔ རྒྱལ་པོའི་གསུང་གི་དམ་ཚིག་ཉམས་པ་བསྐངས༔ དེ་ནས་བཞེས་པ་ཀུན་གསོལ་ཟིན་པ་དང་༔ བཀའ་འབངས་ཕྱི་མ་ཞིག་གིས་བསྙུན་གསོལ་བས༔ མི་བདེ་མེད་དེ་མིག་གཉིས་ཟུར་ཚ་གསུང་༔ རྒྱལ་པོའི་ཐུགས་ཀྱི་དམ་ཚིག་ཉམས་པ་བསྐངས༔ གསོལ་ཐང་ལྷག་མ་མཛོ་ཞོར་རྒུན་འབྲུམ་དང་༔ སློབ་དཔོན་ཞལ་ཆབ་བཏབ་ནས་གསོལ་བས་དངས༔ རྒྱལ་པོའི་ཞལ་ནས་ལོ་མང་ན་བ་ཡིས༔ སྐྲ་འཁྲུ་མ་བྱུང་སྐྲ་འདི་འཁྲུ་དགོས་གསུང་༔ བློན་པོས་སྐྲ་བཀྲུས་མི་ཟིན་ཉི་ཐལ་ཟེར༔ སློབ་དཔོན་སེང་ལྡེང་ཕུར་པ་བྱིན་གྱིས་བརླབས༔ ཉི་གྲིབ་མཚམས་བཏབ་ཉི་མ་སྟོད་ལ་མནན༔ དབུ་བཀྲུས་ཟིན་ནམ་གསུངས་པས་ཟིན་ལགས་ཞུས༔ སློབ་དཔོན་ཞལ་ནས་བེའུ་ལུག་ནང་ཆུག་གསུང་༔ ཕུར་པ་བཏོན་པས་ཉི་མ་དམར་ཧྲིལ་སོང་༔ རྗེ་ཡིས་སྤྱང་དཀར་ཟ་འོག་བེར་ཀུན་ཕུལ༔ ནམ་སྙིང་བཀའ་འཁོར་དམ་པའི་རྒྱུད་ལྔ་དང་༔ ཁྲོ་བོ་སྨེ་བརྩེགས་མེ་ལྟར་འབར་བའི་རྒྱུད༔ འཇམ་དཔལ་གསང་རྒྱུད་གའུ་ནག་པོའི་རྒྱུད༔ རོ་ལངས་གསང་རྒྱུད་ཙིཏྟ་གསང་རྒྱུད་བསྒྱུར༔ མཁས་པ་ཆེན་པོ་སརྦ་ཛྙཱ་དེ་བ༔ ལོ་ཙཱ་སྐ་བ་དཔལ་བརྩེགས་རཀྵི་ཏས༔ བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལ་སོགས་བསྒྱུར༔ པཎ་ཆེན་པདྨ་ཀ་ར་བྷ་དྲ་དང་༔ ཛྙཱ་ན་གརྦྷ་སརྦ་ཛྙཱ་དེ་བ༔ ལོ་ཙཱ་སྐ་ཅོག་ཡེ་ཤེས་སྡེ་སོགས་ཀྱིས༔ དབུ་མ་ཚོགས་གསུམ་དགོངས་འགྲེལ་བཅས་སོགས་བསྒྱུར༔ ཤཱཀྱ་སིངྷ་པྲ་ཛྙཱ་ཝརྨ་དང་༔ ཛི་ན་མི་ཏྲ་ཤཱི་ལེནྡྲ་བོ་དྷི༔ ལོ་ཙཱ་ཆེན་པོ་བནྡེ་ཡེ་ཤེས་སྡེས༔ བྱམས་པའི་ཆོས་ལྔ་འགྲེལ་པར་བཅས་པ་དང་༔ ས་སྡེ་ལ་སོགས་བསྟན་བཅོས་མང་དུ་བསྒྱུར༔ ཛི་ན་མི་ཏྲ་ཤཱི་ལེནྡྲ་བོ་དྷི༔ མཁས་པ་ཆེན་པོ་དཱ་ན་ཤཱི་ལ་དང་༔ ཞུ་ཆེན་ལོ་ཙཱ་བཻ་རོ་ཙ་ན་ཡིས༔ བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ནི༔ སུམ་བརྒྱ་བསྒྱུར་བའི་དབུ་བཙུགས་བསྒྱུར་འཕྲོ་བཞག༔ རྒྱ་དཔེ་ཉིད་ནི་བསམ་ཡས་དབུ་རྩེར་བཞུགས༔ ལོ་པཎ་ད་ལྟ་བཞུགས་དང་ཕྱི་རབས་འབྱོན༔ བཟང་ངན་འགྲན་ཕྱིར་བཤད་མཛོད་ཆེན་མོ་བཞག༔ དེ་བཞིན་དགྱེས་རྡོར་འབུམ་ལྔ་བདེ་མཆོག་འབུམ༔ དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ༔ ཕུར་པ་བིདྱོཏྟ་མ་འབུམ་སྡེའི་རྒྱུད༔ འཇིགས་བྱེད་རྟོག་པ་སུམ་བརྒྱ་སོགས་མ་འགྱུར༔ རྒྱས་པ་འབུམ་མཇུག་མ་ཚང་ཀླུ་ཡུལ་ལུས༔ འདས་པ་མེས་ཚིག་འགོ་མེད་མཇུག་མེད་བསྒྱུར༔ མདོ་སྔགས་འགའ་ཞིག་རྒྱ་གར་བཀའ་ཆད་ནས༔ བོད་འགྱུར་མཇུག་མ་ཚང་བ་རེ་ཙམ་ཡོད༔ དེ་བཞིན་རྩིས་སྨན་གྲངས་ལས་འདས་པར་བསྒྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་བའི་ལེའུ་སྟེ་གྱ་བཞི་པའོ༔ ༔
༨༥། བོད་དུ་གསུང་རབ་དམ་ཆོས་དག་ཐེར་བཏོན་པ།
དེ་ནས་བྱམས་པ་གླིང་དུ་འཆད་ཉན་བྱས༔ ཤར་སྒོ་འཇམ་དཔལ་གླིང་དུ་རྩིས་སྨན་བསྒྱུར༔ རྒྱ་ནག་སློབ་དཔོན་ཧ་ར་ནག་པོ་དང་༔ ཧྭ་ཤང་མ་ཧྭ་ཡཱ་ན་སཱུ་ཏྲ་དང་༔ མ་ཧཱ་རཱ་ཛ་མ་ཧཱ་དེ་བ་དང་༔ ལོ་ཙཱ་བི་རྗེ་བཙན་པ་ཤི་ལ་སོགས༔ བོད་ཀྱི་མཁས་པ་མི་བཞིས་ནག་རྩིས་བསྒྱུར༔ སྔ་འགྱུར་རྒྱ་མོ་ཀོང་ཇོས་བསྒྱུར་བ་ཡིན༔ སྤང་རྒྱན་བླ་མའི་གཙུག་ལག་ལྷག་མ་བསྒྱུར༔ ཕྱི་འགྱུར་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས༔ བི་རྗེ་བཙན་པ་ཤ་ལ་གདན་དྲངས་ནས༔ རྒྱ་ཡི་བསྟན་པ་བཅོ་བརྒྱད་བསྒྱུར་འཕྲོ་བསྒྱུར༔ བར་འགྱུར་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་དང་༔ ཡང་གསང་ཐུགས་རྒྱུད་སྡེ་རུ་ལོངས་པའི་རྒྱུད༔ སྔོན་ཆད་མ་འགྱུར་འཕྲོ་རྣམས་ཐམས་ཅད་བསྒྱུར༔ ཡང་འགྱུར་སྣང་གསལ་མ་བུ་ཆ་ལྔ་དང་༔ སྡོང་པོ་དགུ་འདུས་གབ་པ་མངོན་ཕྱུང་དང་༔ ཚངས་པ་བཞི་འདུས་ལ་སོགས་མང་བསྒྱུར་བ༔ ལེའུ་སོ་ལྔ་པ་རུ་གསལ་ལྟར་བསྒྱུར༔ དེ་ཡི་དུས་ན་ལོ་པཎ་ཐམས་ཅད་ལ༔ བློན་པོ་འགོས་ཀྱིས་ཟ་འགྱོགས་བྱས་པའི་གྲལ༔ མདོ་སྔགས་རྩིས་སྨན་ཆོས་ཀྱི་བགྲོ་གླེང་མཛད༔ ཨུ་རྒྱན་སློབ་དཔོན་པདྨའི་ཞལ་སྔ་ནས༔ རྒྱ་ནག་ཡུལ་བྱོན་པཎྜི་ཏ་རྣམས་ལ༔ རྒྱ་ནག་རི་བོ་རྩེ་ལྔ་བྱ་བ་དེའི༔ རི་རེའི་མིང་རེ་ཡོད་པས་ཤོད་དང་གསུངས༔ སློབ་དཔོན་ཧ་ར་ནག་པོའི་ཞལ་ན་རེ༔ རྒྱ་ནག་གྷིའུ་དེ་ཤན་བྱ་བ་ལ༔ རི་བོ་རྩེ་མོ་ལྔ་རུ་ཡོད་པ་ལས༔ དབུས་ཀྱི་རི་ལ་བེ་ཏ་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས༔ ཤར་ཕྱོགས་ཨ་ཁྲ་དྷ་རི་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་བཞུགས༔ ལྷོ་ཕྱོགས་གྷ་ན་རི་ཡི་རྩེ་ཞེས་ཟེར༔ དེ་ཡི་རྩེ་ལ་འཇམ་དཔལ་རྣོན་པོ་བཞུགས༔ ནུབ་ཕྱོགས་ཨ་པ་རི་ཡི་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་སྨྲ་བའི་སེང་གེ་བཞུགས༔ བྱང་ཕྱོགས་སིག་ཏ་ཨ་ཁྲོ་རི་ཡི་རྩེ༔ དེ་ན་འཇམ་དཔལ་དྲི་མ་མེད་པ་བཞུགས༔ རྩིས་འདི་འཇམ་དཔལ་གཞོན་ནུར་གྱུར་པས་གསུངས༔ འཇིག་རྟེན་ཆོས་འཛུད་ཀུན་རྫོབ་ཐེག་པ་ཡིན༔ དེ་སྐད་གསུངས་པས་དེ་ཡིན་ལེགས་སོ་གསུངས༔ དེ་ནས་རྒྱ་ནག་ཧ་ར་ནག་པོ་ལ༔ བ་གོར་བཻ་རོ་ཙ་ནས་བོད་ཕན་ཕྱིར༔ ཤམ་ཐབས་བར་ནས་གསེར་སྲང་གང་ཕྱུང་ཕུལ༔ དམངས་པོ་སྲིད་ཀྱི་ཆབ་ཀ་སློང་དང་གཅིག༔ དབུལ་པོ་མི་ཟད་གཏེར་ལ་སྤྱོད་དང་གཉིས༔ ཚེ་ཟད་སྲོག་གི་ཀ་བ་འཛུགས་དང་གསུམ༔ མཛེ་ཤུ་དམེ་འཕྲོ་བཅད་དང་བཞི་ཞུས་སོ༔ གཞན་ཡང་སྨེ་བའི་སྒོ་བཞི་སྤར་ཁའི་སྐོར༔ གཙུག་ལག་རྩིས་ཀྱི་གནད་འགག་མང་པོ་ཞུས༔ རྒྱ་ནག་སྨན་པ་ཧྭ་ཤང་དེ་བ་དང་༔ བླ་སྨན་ཉང་བཙན་ཤི་ལ་ལ་སོགས་པས༔ ཡན་ལག་བརྒྱད་པ་བདུད་རྩི་སྙིང་པོ་དང་༔ སྨན་གྱི་བཅུད་ལེན་བྱེད་ཐབས་མང་པོ་བསྒྱུར༔ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་དང་༔ བོད་ཀྱི་ལོ་ཙཱ་མཁས་པ་བཅོ་ལྔ་ཡིས༔ ཨཱརྱ་པ་ལོའི་གླིང་དུ་ལུང་བསྟན་བསྒྱུར༔ འདས་དང་མ་འོངས་ད་ལྟར་བཞུགས་པ་ཡི༔ གང་ཟག་བཟང་ངན་འབྱུང་ཚུལ་ལུང་དུ་བསྟན༔ རྒྱ་བོད་ལོ་པཎ་མཁས་པ་ཐམས་ཅད་ཀྱིས༔ ཉི་མ་སྟེང་འོག་སྔ་དྲོ་ཕྱིམ་རེད་བྱས༔ འཇམ་དཔལ་གླིང་དུ་མདོ་སྔགས་འཆད་ཉན་བཙུགས༔ ཨཱ$་པ་གླིང་སྒྲིབ་སྦྱོང་ཚོགས་གཉིས་སྤེལ༔ བྱམས་པ་གླིང་དུ་ལུང་བསྟན་དབུགས་དབྱུང་མཛད༔ བྱང་ཆུབ་གླིང་དུ་ཐེག་ཆེན་སེམས་གཉིས་བསྐྱེད༔ རྣམ་དག་ཁྲིམས་ཁང་གླིང་དུ་ཆོས་ཁྲིམས་བཅས༔ བརྡ་སྦྱོར་ཚང་མང་གླིང་དུ་རབ་ཏུ་འབྱུང་༔ སྔགས་པ་གླིང་དུ་འགལ་རྐྱེན་བར་ཆད་བསྲུངས༔ སྒྲ་བསྒྱུར་གླིང་དུ་མདོ་སྔགས་ཆོས་རྣམས་བསྒྱུར༔ བཻ་ཙའི་གླིང་དུ་སྡེ་སྣོད་ཞུ་དག་བྱེད༔ བསམ་གཏན་གླིང་དུ་མི་གཡོ་ཏིང་འཛིན་བསྒོམས༔ སྣ་ཚོགས་གླིང་དུ་ཐེག་པའི་གོ་རིམས་འབྱེད༔ དཀོར་མཛོད་ཉི་ཤུ་ཆོས་ནོར་བཙས་ཀྱིས་གཏམས༔ དག་བྱེད་ཁྲུས་གང་དྲི་བཟང་ཁྲུས་ནས་འདོན༔ ཚང་མང་ཀེ་རུར་དགེ་འདུན་གདུགས་ཚོད་སྦྱོར༔ མཐུ་རྩལ་ཀླུ་གླིང་མཐུ་གཏད་ངན་སྔགས་བསྒྱུར༔ དེ་དུས་སྔགས་དང་མཚན་ཉིད་ལོ་ཙཱ་བ༔ ཆེ་གསུམ་ཆུང་གསུམ་འབྲིང་གསུམ་དགུ་རུ་ཕྱེས༔ རྒན་གསུམ་གཞོན་གསུམ་དྲུག་ཏུ་ཕྱེ་བ་ལ༔ བཻ་རོ་ཙ་ན་ཀླུའི་དབང་མེས་བཀོལ་གསུམ༔ ལོ་ཙཱ་ཆེ་གསུམ་ཡིན་ཏེ་ཆུང་གསུམ་ནི༔ སྐ་བ་རྨ་རིན་སྦ་མི་ཁྲི་གཞེར་གསུམ༔ འབྲིང་གསུམ་གཉགས་བན་ཛྙཱ་ན་ཀུ་མཱ་ར༔ ཞང་ལོ་སེ་བཙན་ཤུད་བུ་ཁོང་སླེབ་གསུམ༔ རྒན་པ་གསུམ་ནི་ལྷ་ལུང་ཡུལ་སྐོང་དང་༔ ཡེ་ཤེས་སྡེ་དང་ཅོག་རོ་ཀླུའི་རྒྱལ་མཚན༔ གཞོན་པ་གསུམ་ནི་གཡུ་སྒྲ་སྙིང་པོ་དང་༔ ལེགས་སྦྱིན་ཉི་མ་ནམ་མཁའི་སྙིང་པོའོ༔ མཆན་བུ་ཡོན་ཏན་སྙིང་པོ་རྩེ་མང་དང་༔ དེ་བ་བྱང་སྙིང་དམ་པ་འདུལ་ལ་སོགས༔ འདིར་མ་བཀོད་པ་གཞན་དག་ཐམས་ཅད་དོ༔ རྒྱ་ནས་བྱོན་པའི་པཎ་ཆེན་ཐམས་ཅད་ཀྱིས༔ བཻ་རོ་ཙ་ནའི་གླིང་དུ་བྱོན་པའི་ཚེ༔ འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ༔ བཻ་རོ་ཙ་ན་འདྲ་བའི་ལོ་ཙཱ་བ༔ སྔར་ཡང་བྱོན་རི་ད་ཡང་འབྱོན་རི་སྐན༔ མ་འོངས་རྒྱ་གར་འཕྲལ་སྐད་ཤེས་ཙམ་ལ༔ ལོ་ཙཱར་བཞེད་སྲིད་བཻ་རོའི་ཆར་མི་ཉེ༔ ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜི་ཏ༔ འདི་ཡི་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམས༔ དེ་ནས་ཆོས་ཀྱི་རབ་གནས་བྱས་པའི་ཚེ༔ གླེགས་བམ་ཐམས་ཅད་ཚེ་དང་ལྡན་པས་ཁུར༔ ལྔ་ལྔའི་བར་དུ་མཆོད་ལྔ་ཁྱེར་མཁན་རེ༔ གདུགས་དང་རྒྱལ་མཚན་འོག་ལ་ཆོས་སྦྲེངས་བྱས༔ བསམ་ཡས་དབུ་རྩེ་གླིང་གསུམ་ལན་གསུམ་བསྐོར༔ རྔ་ཤོན་གར་འཆམས་འབག་པ་མི་རེ་རེ༔ ཕྱོགས་བཞི་མཚམས་བརྒྱད་ལྟད་མོས་རི་མགོ་ནོན༔ ལོ་པཎ་རེ་རེས་ཆོ་ག་མི་འདྲ་རེས༔ རབ་ཏུ་གནས་ཤིང་མེ་ཏོག་འཐོར་བར་གྱུར༔ རྒྱལ་པོ་ནམ་སྙིང་ལྟད་མོའི་གསེབ་བྱོན་པས༔ ཡོན་མཆོད་གཉིས་ནི་ཕྱག་ལ་མ་འཆམས་ཏེ༔ རྗེ་ནི་འགྲེང་བ་མགོ་ནག་ཡོངས་རྗེ་ཡིན༔ བདུད་རྔོག་ཆགས་ཀྱི་རྐྱེན་བྱེད་ང་ཡིན་པས༔ ནམ་མཁའི་སྙིང་པོས་ང་ལ་ཕྱག་འཚོལ་གསུངས༔ སློབ་དཔོན་ཆེན་པོ་ནམ་མཁའི་སྙིང་པོ་ཡིས༔ ང་ནི་རྣལ་འབྱོར་ཡོངས་ཀྱི་དབང་ཕྱུག་ཆེ༔ སྐུ་དང་ཡེ་ཤེས་བདག་ཉིད་ང་ཡིན་ཞིང་༔ རྒྱལ་པོ་ཉིད་ཀྱིས་ང་ལ་དབང་ཞུས་པས༔ བདག་ལ་ཕྱག་འཚོལ་གསུངས་ནས་མ་འཆམས་ཏེ༔ གནུབས་བན་ནམ་མཁའི་སྙིང་པོའི་ཞལ་སྔ་ནས༔ སངས་རྒྱས་བསྟན་པའི་རྩ་བ་མ་འཆུགས་པ༔ དམ་ཆོས་འདུལ་བའི་སྡེ་སྣོད་བོད་དུ་བསྒྱུར༔ སངས་རྒྱས་བསྟན་པའི་སྙེ་མ་མ་བསྐམས་པ༔ དམ་ཆོས་ཕ་རོལ་ཕྱིན་པ་བོད་དུ་བསྒྱུར༔ སངས་རྒྱས་བསྟན་པའི་ཉིང་ཁུ་མ་བསླད་པ༔ གསང་སྔགས་ཕྱི་ནང་རྒྱུད་རྣམས་བོད་དུ་བསྒྱུར༔ བསྟན་གཉིས་ཉི་ཟླ་ཟུང་གཅིག་ཤར་བར་བྱས༔ རྒྱ་བོད་བསགས་པ་ཅན་གྱི་ལོ་པཎ་ལ༔ རྒྱལ་པོས་ཕྱག་མི་འཚལ་ན་དབང་ཡོད་མོད༔ ཅེས་གསུངས་ཡིད་ལ་མི་འཚམ་ཐུགས་མུག་སྟེ༔ དེང་ནས་བཟུང་སྟེ་སྒྲུབ་པ་འབའ་ཞིག་ལས༔ རྒྱལ་པོའི་སློབ་དཔོན་དག་ནི་མི་བྱེད་དོ༔ ཞེས་གསུངས་ཐུགས་ཀྱི་དམ་བཅས་ཅི་བདེར་གནས༔ ལྷོ་བྲག་མཁར་ཆུར་འབྱོན་དུ་ཆས་པ་ལ༔ པཎ་ཆེན་རྣམས་ཀྱིས་རྒྱལ་པོར་མཚམས་སྦྱར་བ༔ རྗེ་ཉིད་དངོས་གྲུབ་ཐོབ་ཀར་དམ་མ་ཉམས༔ ནམ་མཁའི་སྙིང་པོ་བླ་མར་ཁུར་ཅིག་གསུངས༔ དེ་ཚེ་མི་རྣམས་ཐམས་ཅད་ཧ་ལས་ནས༔ ཕྱི་བློན་ནང་བློན་གྲོས་དབང་མ་ལུས་ཚོགས༔ ནམ་མཁའི་སྙིང་པོ་གསོད་པའི་ནང་ཁྲིམས་བཅས༔ བློན་པོ་རྣམས་ཀྱིས་ལྷོ་སྒོར་ཁྲི་གཉིས་བརྩིགས༔ གཅིག་ལ་རྗེ་བཞུགས་གཅིག་ལ་སློབ་དཔོན་བཞུགས༔ བློན་པོ་རྣམས་ཀྱིས་མདའ་རྩེ་མདུང་རྩེ་བདར༔ རྗེ་ཉིད་སྤྱང་ཀི་ལྟར་འདར་ཕཊ་ཕཊ་གསུངས༔ སློབ་དཔོན་གྷ་ཊ་ཤག་གསུང་ཐལ་མོ་ཕྲལ༔ བློན་པོ་རྣམས་ཀྱི་མཚོན་བྲུལ་ཧད་ཧད་ལུས༔ སློབ་དཔོན་ལྷ་མགོན་གཉིས་ཀྱི་དྲུང་དུ་བྱོན༔ ཞབས་རྡོ་བརྒྱབ་ནས་ཕར་ལོངས་འདོང་ངོ་གསུངས༔ རྟེན་གཉིས་ལངས་ཏེ་སློབ་དཔོན་ཕྱི་ལ་ཁྲིད༔ ཧཱུྃ་ཧཱུྃ་དྲག་པོ་གསུངས་ནས་ཐོག་ཕབ་སྟེ༔ མཛུབ་མོ་ལ་དཀྲིས་བར་སྣང་དམར་ཧྲིལ་བྱུང་༔ འུ་ཤང་རྡོ་ཡི་བྲག་ལ་བརྒྱབ་པ་ཡིས༔ བྲག་ཀྱང་ཆོ་ལོ་ཙམ་དུ་བཏང་ངོ་སྐད༔ སློབ་དཔོན་རྗེ་ལགས་མ་བསྙེམས་སམ་ཞུས་པས༔ འཇིགས་དང་འཇིགས་ཆེ་གནམ་ལྕགས་ཐོག་པས་ཀྱང་༔ བནྡེའི་ཧཱུྃ་སྒྲ་དེ་རང་འཇིགས་གསུངས་ནས༔ སློབ་དཔོན་ཉིད་ལ་རྒྱལ་པོས་ཕྱག་བཙལ་ལོ༔ མི་རྣམས་ཀུན་གྱིས་ཞལ་ལྕེ་བཅད་ནས་ནི༔ སློབ་དཔོན་ནམ་མཁའི་སྙིང་པོས་ཕྱག་བོར་ལ༔ རྒྱལ་པོས་བླ་མ་རྡོ་རྗེ་སློབ་དཔོན་དུ༔ བདག་ལ་ཡོན་ཏན་ཐམས་ཅད་སྐྱེད་བྱེད་པ༔ འདི་དག་ཕྱག་འཚལ་ཡུལ་གྱུར་ཡིན་སྙམ་དུ༔ རྗེ་ཡིས་ལྟད་མོའི་གསེབ་ཏུ་ཕྱག་འཚོལ་ཟེར༔ རྒྱལ་པོས་དུམ་ཞིག་ཐུགས་དགོངས་བཏང་མཛད་ནས༔ ལོ་ཙཱ་ཐམས་ཅད་ང་ལ་སྐུ་དྲིན་ཆེ༔ གཙུག་ལག་ཁང་དང་དཔེས་པའི་ཆོས་འགྱུར་སྙམ༔ རྒྱལ་པོ་དགྱེས་མཛད་བཤད་ཉན་གྲ་ཡང་བཙུགས༔ ལྷ་སར་དམ་ཆོས་འདུལ་བའི་སྟོན་མོ་བཙུགས༔ ཁྲ་འབྲུག་མངོན་པ་གསང་སྔགས་སྟོན་མོ་མཛད༔ མཐའ་འདུལ་ཡང་འདུལ་གཙུག་ལག་བརྒྱ་རྩ་བརྒྱད༔ འཆད་ཉན་དུས་སྟོན་ལྟད་མོ་རེ་རེ་མཛད༔ བསམ་ཡས་མཆིམས་ཕུ་ཡར་ཀླུངས་ཤེལ་གྱི་བྲག༔ ཡེར་པ་ཟླ་བ་ཕུག་སོགས་སྒྲུབ་གནས་ཀུན༔ སྒྲུབ་གྲ་སྒྲུབ་མཆོད་རྒྱུད་སྟོན་ཚེས་བཅུ་བཙུགས༔ སྒོམ་གྲ་བརྒྱ་དང་རྩ་བརྒྱད་བསྒོམ་ས་ལྔ༔ ཆོས་འཁོར་སྟོད་སྨད་ཆུ་ལ་དགེ་གྲུ་བཙུགས༔ སློབ་འཆད་གྲ་ལ་རྗེ་ཡིས་མཐུན་རྐྱེན་སྦྱོར༔ བོད་ཀྱི་བན་སྔགས་དབུ་ཟླུམ་ལྕང་ལོ་ཅན༔ དབང་ཆེ་ཁ་དྲག་ཤེ་མོ་ཡོད་དུ་བཅུག༔ གྲུ་ལ་གྲུ་བཙས་མི་དགོས་ལམ་འཕྲང་བདེ༔ ཕྱུག་པོ་ཐམས་ཅད་ཆོས་འདྲིའི་ཁྲིམས་ལ་བཙུད༔ ལྟོགས་པ་ཐམས་ཅད་འབྲི་ཀློག་ཁྲིམས་ལ་བཀོད༔ དགེ་བ་མཆོད་རྟེན་བརྒྱ་རྩ་བཞེང་དུ་བཅུག༔ མདོ་རྣམས་གཙུག་ལག་ཁང་དུ་བཞུགས་སུ་གསོལ༔ རྒྱུད་རྣམས་སྔགས་པའི་གླིང་དུ་བཞུགས་སུ་བཅུག༔ འཁོར་བའི་སྡུག་བསྔལ་སེལ་བ་དམ་པའི་ཆོས༔ བྱ་བ་ལེགས་འཆོས་ཉེས་སྤོང་གཙུག་ལག་རྩིས༔ ནད་པའི་ཟུག་གཟེར་གཅོག་པ་ཐུགས་རྗེའི་སྨན༔ ཐམས་ཅད་མ་ལུས་བོད་དུ་སྣང་བར་བྱས༔ མི་ལོ་བཅུ་གསུམ་བར་དུ་ཆོས་བསྒྱུར་རོ༔ འདི་དག་ཁྲིསྲོང་ལྡེའུ་བཙན་ལག་རིས་ཡིན༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ བོད་དུ་གསུང་རབ་དམ་ཆོས་དག་ཐེར་བཏོན་པའི་ལེའུ་སྟེ་གྱ་ལྔ་པའོ༔ ༔
84༽སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་བའི་ལེའུ།
85༽བོད་དུ་གསུང་རབ་དམ་ཆོས་དག་ཐེར་བཏོན་པའི་ལེའུ།
པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།
༨༥། བོད་དུ་གསུང་རབ་དམ་ཆོས་དག་ཐེར་བཏོན་པ།
བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།
〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』
〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗
མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】
ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས། མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད། གང་ཞེ་ན། འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད། དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།
གསལ་བཤད།
སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ། ཡུལ་ལུང་གོམས་སྤྱོད་ངོ་སྤྲོད། ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར། ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།
འཕྲིན་སྟེགས་གཙོ་སྐྱོང་པས།
སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ། མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།
版权为原著所有,著有侵犯到您的权益,请您与我们联系,我们将立即删除
སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️
རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】
ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽
ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།
ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།
རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།
སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽
སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽
མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ།
རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།
སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།
བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽
དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽
བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』
དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག
མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།
འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽